
བློ་མི་བདེ་དྲན་པའི་གཞི་ཡིན།
ཚིག། ཞུ་དུལ་རྟོགས་སད།
དབྱངས། ཁྲོ་བ་བཀྲ་ཤིས་རབ་བརྟན།
གཞས་པ། དཀོན་མཆོག་སྐྱབས།
སྟོན་གསུམ་རི་ལུང་ཟིལ་བ་ཁྲོམ་མེར།།
ས་གཞིའི་སྐྱོ་ཉམས་གང་སར་དོད་ཡང་།།
སྙིང་གི་མཚེར་སར་མེ་ཏོག་བཞད་འདྲའི།།
སྙིང་སྡུག་བྱམས་པ་སེམས་ཀྱི་དྲན་ཤིང་།།
བྱམས་པ་ལོ་ལོ། བློ་མི་བདེ་དྲན་པའི་གཞི་ཡིན།
དབྱར་གསུམ་ཁུ་ལོའི་གསུང་སྙན་ལྷང་ངེར།།
རྩི་ཤིང་མེ་ཏོག་མགོ་ལྕོག་ལྡེམ་མེར།།
སྙིང་སྡུག་བྱམས་པ་སེར་ཆེན་མེ་ཏོག།
དྲི་བསུང་གཞན་དང་འདྲ་ལེ་མི་འདུག།
སྙིང་སྡུག་ལོ་ལོ། བློ་མི་བདེ་དྲན་པའི་གཞི་ཡིན།།
དགུན་གསུམ་ཙག་རླུང་ཅི་འདྲ་རྒོད་ཀྱང་།།
ལུས་ལ་འཇམ་པའི་ཚར་ལྭ་འདྲ་བ།།
སྙིང་སྡུག་ཁྱོད་ཀྱི་སེམས་གཏམ་ཡིན་སོང་།།
མི་ཚེའི་རྨི་ལམ་ཡག་ཤོས་ཁྱོད་ཡིན།།
བྱམས་པ་ལོ་ལོ། བློ་མི་བདེ་དྲན་པའི་གཞི་ཡིན།།
དཔྱིད་འགོའི་ལྗང་ལོ་འབུས་པའི་སྒང་ལ།།
རེ་བའི་སེམས་རྩ་དྲོད་ཀྱིས་ཁེངས་དུས།།
ཁྱོད་དང་འཕྲད་པའི་དུས་ཚིགས་དེ་ཡིན།།
སེམས་ཀྱི་དཔྱིད་དཔལ་བུ་མོ་ཁྱོད་ཡིན།།
སྙིང་སྡུག་ལོ་ལོ། བློ་མི་བདེ་དྲན་པའི་གཞི་ཡིན།