རྟག་ཏུ་འཛུམ་པའི་བླ་མ།
ཚིག་རྩོམ་མཁན། རུ་སར་འཇམ་དབྱངས་རྒྱ་མཚོ།
དབྱངས་རྩོམ་མཁན།མགར་བསམ་འགྲུབ་ཚེ་རིང
གཞས་པ། དོན་ཆོས། མགར་བསམ་འགྲུབ་ཚེ་རིང་།
བླ་མ་ལགས། བློ་བཟང་ལུང་རིགས།
བསླབ་གསུམ་དྲི་མས་མ་གོས་སྡོམ་ཁྲིམས་གཙང་། །
ལོངས་སྤྱོད་ནོར་ལ་མ་ཆགས་མཆོད་སྦྱིན་མཁས། །
ཆོས་ཕྱིར་དཀའ་བ་སྤྱོད་པའི་བཟོད་པ་ལྡན། །
རྒྱལ་སྲས་མི་ཡི་རྣམ་རོལ་གསོལ་བ་འདེབས། །
ཁྱེད་ནི། སྙིང་རྗེ་ཅན་གྱི་བླ་མ་དང་།
ཉམས་ལེན་མཁས་པའི་རྣལ་འབྱོར་པ།
ཁྱེད་ནི། རྒྱལ་གཅེས་ཆོས་གཅེས་བླ་མ་དང་།
ཉམ་ཆུང་མི་ཡི་ལྷ་སྐལ་ཡིན།
བླ་མ་ལགས། བློ་བཟང་ལུང་རིགས།
དབུལ་ཕྱུག་མཐོ་དམན་མེད་པར་གདན་ཞུས་ལྟར། །
ཉིན་མཚན་མགོ་བོ་སྦྲེལ་ནས་བསྟན་འགྲོའི་དོན། །
རླབས་ཆེན་རྒྱལ་སྲས་དམ་པའི་སྤྱོད་པ་ཅན། །
རྟག་ཏུ་འཛུམ་པའི་རྗེ་ལ་གསོལ་བ་འདེབས། །
ཁྱེད་ནི། རྒྱལ་བསྟན་གསལ་བའི་སྒྲོན་མེ་དང་།
སྙན་བརྒྱུད་མན་ངག་བདག་པོ་ཡིན།
ཁྱེད་ནི། འདི་ཕྱི་ཀུན་གྱི་ལམ་སྟོན་དང་།
ཤི་གསོན་གཉིས་ཀྱི་རེ་ས་ཡིན།
བླ་མ་ལགས། བློ་བཟང་ལུང་རིགས།
ཡབ་རྗེ་མཆོག་དང་ཨ་སྐུ་བློ་བརྟན་གཉིས། །
ཁྱད་པར་མེད་ཅེས་ཡབ་རྗེའི་ཞལ་ལས་གསུངས། །
ལུང་རིག་ཚད་མས་གྲུབ་པའི་རྒྱལ་སྲས་ལགས། །
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་ཤོག །
ཁྱེད་ནི། ཡབ་རྗེ་བླ་མའི་ཐུགས་སྲས་དང་།
བྱང་སེམས་འཕགས་པའི་རྣམ་སྤྲུལ་ཡིན།
ཁྱེད་ནི། དྲང་བདེན་ཅན་གྱི་བླ་མ་དང་།
རྟག་ཏུ་བརྟན་པའི་རི་རྒྱལ་ཡིན།
