
作词 : 热西·嘎玛桑登
作曲 : 热西·嘎玛桑登
编曲 : 索当珠
གཞས་ཚིག རག་ཤི་ཀརྨ་བསམ་གཏན།
གཞས་གདངས། རག་ཤི་ཀརྨ་བསམ་གཏན།
ང་ད་ནང་ཡོང་ཡོང་སོག་ཤོད་ཡུལ་ནས་ཡོང་ཡིན།།
སོག་གཡག་ལ་བསེ་བོའི་བྱིན་རླབས་ཁྱེར་ནས་སླེབས་ཡོད།།
ཕ་ཨ་མྱེས་བཞག་པའི་རས་པ་འཁྲབ་བཞིན་སླེབས་ཡོད།
དཀའ་མ་ཐལ་ངེད་ཚང་བདེ་མོ་སྐྱིད་པོ་ཡིན་ལགས།།
ཕུ་འཚེར་ས་རི་ལུང་སྡེ་བའི་མི་ལ་བཙོང་མེད།།
མདའ་ཞིང་ས་གྲུ་བཞི་སྐམ་པོའི་ཐང་ལ་བསྒྱུར་མེད།།
ཡུལ་ཕུ་ནུ་མཐུན་པའི་གཏམ་བཟང་ཁྱེར་ནས་སླེབས་ཡོད།།
དཀའ་མ་ཐལ་ཚང་མ་བདེ་མོ་འཚམ་པོ་ཡིན་ལགས།།
ང་ད་ནང་ཡོང་ཡོང་སོག་ཆུའི་རྒྱུད་ནས་ཡོང་ཡིན།།
སྒ་སྐྱ་ལོ་ཚང་གི་གཡང་རྟེན་ཁྱེར་ནས་སླེབས་ཡོད།།
སྨན་འབྲུག་མོས་བཞག་པའི་སྐྱེ་གཟུགས་ངོམ་བཞིན་སླེབས་ཡོད །
དཀའ་མ་ཐལ་ངེད་ཚང་བདེ་མོ་སྐྱིད་པོ་ཡིན་ལགས།།
ཆུང་ཚ་བོ་ཚ་མོ་བདག་མེད་སྲང་ལ་རྒྱབ་མེད།།
གཞོན་ཕོ་སར་མོ་སར་ལས་མེད་ནང་ལ་ཉལ་མེད།།
དྲིན་ཕ་མས་བསྐུར་བའི་ལག་རྟགས་ཁྱེར་ནས་སླེབས་ཡོད།།
དཀའ་མ་ཐལ་ཚང་མ་བདེ་མོ་འཚམ་པོ་ཡིན་ལགས།།
ང་ད་ནང་ཡོང་ཡོང་སོག་རོང་སྨད་ནས་ཡོང་ཡིན།།
ཁམས་སྲིན་མོ་རྫོང་གི་གནས་བཤད་ཁྱེར་ནས་སླེབས་ཡོད།།
མ་སྲུ་མོས་བསླབས་པའི་སྒོར་བྲོ་འཁྲབ་ནས་སླེབས་ཡོད།
དཀའ་མ་ཐལ་ངེད་ཚང་བདེ་མོ་སྐྱིད་པོ་ཡིན་ལགས།།
འབྲོག་རྫི་བོའི་གླུ་ངག་ལུང་སྟོང་ནང་ལ་ཡལ་མེད།།
གྲོང་ཡུལ་བའི་རྡོག་བྲོ་སྔ་མོའི་གཏམ་ལ་ལུས་མེད།།
གོང་མེས་པོས་བཞག་པའི་ནོར་བུ་ཁྱེར་ནས་སླེབས་ཡོད།།
དཀའ་མ་ཐལ་ཚང་མ་བདེ་མོ་འཚམ་པོ་ཡིན་ལགས།།
དུས་དེ་རིང་ང་ཚོ་མཉམ་དུ་བྲོ་ཞིག་འཁྲོབ་ཤོག །
སྐྱིད་མཉམ་འཛོམས་བྱུང་བའི་བྲོ་ཞིག་ཡ་ལ་འཁྲོབ་ཤོག །
དུས་དེ་རིང་ང་ཚོ་མཉམ་དུ་གླུ་ཞིག་ལོངས་ཤོག །
སང་ཡང་ཡང་མཇལ་བའི་གླུ་ཞིག་ཡ་ལ་ལོངས་ཤོག །